ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > མི་རིགས་སློབ་གསོ།

སློབ་མར་རང་རྩོམ་རང་ལ་དག་བཅོས་བྱེད་དུ་འཇུག་དགོས།

སྤེལ་དུས། 2020-05-08 09:50:31  རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། ལྕགས་མོ་ཚེ་རིང་།  ཀློག་གྲངས།

  སྐུ་ཞབས་ཡེ་ཧྲེང་ཐའོ་ཡིས་རྩོམ་ཡིག་བཟོ་བཅོས་རྒྱག་པའི་དབང་ཆ་དེ་ཐོག་མར་རྩོམ་འབྲི་མཁན་རང་ཉིད་ལ་ཡོད་དགོས། དགེ་རྒན་གྱིས་ཁྲིད་སྟོན་དང་མཛུབ་སྟོན་ཙམ་ལས། ཇི་ལྟར་བྱས་ནས་དག་བཅོས་བྱེད་དགོས་མིན་ཐད་སློབ་མ་རང་ཉིད་ལ་བསམ་གཞིག་དང་ཐག་གཅོད་བྱེད་དུ་འཇུག་པ་དང་། རང་ཉིད་ཀྱིས་དག་བཅོས་བྱེད་པའི་ནུས་པ་ཆགས་པར་བྱེད་དགོས་པར་གསུངས་མྱོང་། ཡིན་ནའང་རྒྱུན་མཐོང་གནས་ཚུལ་ནི་དགེ་རྒན་གྱིས་རྩོམ་ཡིག་ལ་བཟོ་བཅོས་རྒྱག་པ་དང་སློབ་མས་རྗེས་སུ་དགེ་རྒན་གྱི་དཔྱད་གཏམ་ལ་ལྟ་བ་ཙམ་ཡིན། དེ་ནི་དགེ་རྒན་ལ་ཁུར་བོ་ལྕི་བ་དང་སློབ་མ་ལ་ཕན་ཐོགས་མེད་པའི་ཐབས་ཤིག་རེད། དེ་འདྲའི་སློབ་ཁྲིད་བྱེད་སྟངས་འོག སློབ་མས་རྩོམ་ཡིག་ལས་བྱ་འབྲི་བར་འབད་པ་དང་རྒྱུན་འཁྱོངས་བྱས་ནས་བྲིས་ཚར་རྗེས་དགེ་རྒན་གྱིས་ཧུར་ཐག་འབད་ཐག་གིས་སྐྱོན་བརྗོད་དང་ཡོ་བསྲང་བྱས་ཤིང་། སུན་སྣང་མེད་པར་སྐུལ་སློང་གང་མང་ལྡན་པའི་དཔྱད་གཏམ་འོས་འཚམ་བྲིས་ཡོད་ཀྱང་། ཡིད་སྐྱོ་བའི་དོན་དངོས་ནི་རྩོམ་ཡིག་དེ་སློབ་མའི་ལག་ཏུ་འབྱོར་དུས། རང་གིས་བྲིས་པའི་རྩོམ་ཡིག་ལ་ཕྱིར་མིག་གིས་ལྟ་མཁན་ཧ་ཅང་ཉུང་ཉུང་རེད། སློབ་མ་མང་ཆེ་བས་སྐར་གྲངས་དང་དཔྱད་གཏམ་ཁོ་ནར་ལྟ་བ་ལས། རང་གི་རྩོམ་དེར་དགེ་རྒན་གྱི་བླང་བྱ་ལྟར་ཕྱིར་ལྟ་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པས། སློབ་མ་རྣམས་ཀྱིས་ལོ་མང་པོའི་རིང་ལ་རྩོམ་བྲིས་ནས་སྦྱོང་བརྡར་བྱས་མཐར། སྔར་བཞིན་རྩོམ་ལེགས་པོ་ཞིག་འབྲི་མི་ཐུབ། དེའི་ཕྱིར་ང་ཚོས་སློབ་མ་རང་ཉིད་ཀྱིས་རང་གི་རྩོམ་ཡིག་ལ་དག་བཅོས་དང་། དེ་ནས་སློབ་གྲོགས་ཕན་ཚུན་བར་དག་བཅོས་བྱེད་དུ་འཇུག་པ་སོགས་ཐབས་གང་མང་ལ་བརྟེན་ནས་སློབ་མའི་རྩོམ་འབྲི་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དེའི་ཕྱོགས་ལ་ཚོད་ལྟ་བྱེད་དགོས་སྙམ་ལ། བསམ་ཚུལ་འདི་ལག་ལེན་བྱེད་ཐབས་ལ་གོ་རིམ་གསུམ་ཡོད་པ་སྟེ།

  གོ་རིམ་དང་པོ།

  སློབ་མས་རང་གི་རྩོམ་ཡིག་ལ་དག་བཅོས་བྱེད་དགོས་ན། ཐོག་མར་དགེ་རྒན་གྱིས་སློབ་མ་ལ་རང་རྩོམ་རང་ལ་དག་བཅོས་བྱ་དགོས་པ་དང་སྐར་གྲངས་སྟེར་དགོས་པའི་རེ་བ་འདོན་པ་དང་། དེའི་ནང་དུ་སློབ་མར་རང་རྩོམ་ལ་རང་གིས་དག་བཅོས་བྱེད་དུས་བསམ་པའི་རྣམ་འགྱུར་དྲང་དགོས་པར་བསྐུལ་བའང་འདུ། སློབ་ཕྲུག་རྣམས་ལ་རང་ཉིད་ཀྱི་རྩོམ་ཡིག་དེ་ཐེངས་མང་པོར་དག་བཅོས་བྱ་དགོས་པ་དང་། རྩོམ་ཡག་པོ་ཞིག་འཁྱོངས་དགོས་ན་བཟོ་བཅོས་ཡང་ཡང་རྒྱག་པ་ནི་མེད་དུ་མི་རུང་ལ། དེ་ནི་རྩོམ་འབྲིའི་ནུས་པ་སྦྱོང་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་ཤེས་སུ་འཇུག་དགོས།

  གཉིས་ནས་དགེ་རྒན་གྱིས་སློབ་མར་རང་རྩོམ་དག་བཅོས་བྱེད་པར་མཛུབ་སྟོན་བྱ་དགོས། སློབ་མས་རང་རྩོམ་དག་བཅོས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་རང་ཉིད་ཀྱི་རྩོམ་ཡིག་དེ་ནན་ཏན་གྱིས་ཐེངས་འགའ་ཀློག་རྒྱུ་དེ་ཡིན། ཀློག་འདོན་གྱི་གོ་རིམ་ཁྲོད་དུ་རྗོད་ཚིག་སྐྱོན་ཅན་དང་། ཡིག་ནོར་ཡོད་ས། ཚིག་ཕྲད་བཀོལ་སྤྱོད་བྱེད་སྟངས་མི་འགྲིག་ས། ཚིག་ཅུང་མི་བདེ་ས་བཅས་ཚང་མར་རྟགས་གསལ་པོ་འགོད་དགོས། དེ་ནས་ཡང་བསྐྱར་ཀློག་འདོན་བྱས་ཏེ། སྔོན་ལ་རྟགས་བརྒྱབ་ཡོད་པའི་སྐོར་ལ་གཞུག་ནས་དག་བཅོས་བྱེད་དགོས།

  གསུམ་ནས་རང་རྩོམ་རང་གིས་དག་བཅོས་བྱས་རྗེས། སློབ་མར་ངེས་པར་དུ་རྩོམ་ཡིག་དག་བཅོས་བྱས་པའི་མྱོང་ཚོར་དེ་ལ་གཞིགས་ནས་རང་ཉིད་ལ་དཔྱད་གཏམ་འབྲི་རུ་འཇུག་དགོས། ལྷག་པར་ནན་བཤད་བྱེད་དགོས་པ་ཞིག་ནི། དགེ་རྒན་གྱིས་སློབ་མར་རང་གི་རྩོམ་ཡིག་ལ་དཔྱད་བསྡུར་བྱེད་སྐབས་ངེས་པར་དུ་སེམས་ཁམས་ཀྱི་གྲ་སྒྲིག་བྱེད་དུ་འཇུག་པ་ལས། རེ་བ་མཐོན་པོ་འཛིན་མི་རུང་སྟེ། བྱ་བ་གང་ཞིག་ཡིན་རུང་ཐོག་མར་ཚོད་ལྟ་བྱེད་པར་དཀའ་ཁག་ངེས་ཅན་ཞིག་ཡོད་པས། དུས་སྐབས་ཤིག་ལ་ཚོད་ལྟ་བྱས་པ་བརྒྱུད་དེ་སློབ་མའི་རང་རྩོམ་རང་གིས་དག་བཅོས་དང་རང་རྩོམ་ལ་རང་གིས་དཔྱད་བསྡུར་བྱེད་པའི་ནུས་པར་ཇེ་ལེགས་སུ་འགྲོ་རྒྱུ་ཡོད་པར་ཡིད་ཆེས་བྱེད་དགོས། ཡིན་ནའང་། ཕན་འབྲས་དེ་འདྲ་ཐོན་པར་ཕལ་ཆེར་སློབ་སྐབས་ཕྱེད་ཀའི་དུས་ཚོད་དགོས་པའམ། ཡང་ན་དགེ་རྒན་རྣམས་ལ་སློབ་མའི་ཡར་སྐྱེད་ཀྱི་འབྲས་བུ་ལ་སྒུག་པའི་ངང་རྒྱུད་དང་དཀྱེལ་ཡངས་དགོས་ཏེ། དཔེར་ན་སློབ་མ་ཞིག་གིས་རང་རྩོམ་དག་བཅོས་བྱས་ཚར་རྗེས། དཔྱད་གཏམ་འདི་འདྲ་ཞིག་བྲིས་ཡོད་པ་སྟེ། “ངས་ཡང་ཡང་ཀློག་འདོན་དང་བཟོ་བཅོས་བྱས་པ་བརྒྱུད་དེ།རང་གི་རྩོམ་འབྲིའི་ལས་ཀ་ལ་ནན་ཏན་མ་བྱས་པར། ཡིག་ནོར་ཅུང་མང་བ་དང་བརྗོད་དོན་ཅུང་མི་གསལ་བའི་གནད་དོན་རྙེད་བྱུང་། རྗེས་སུ་ངས་ངེས་པར་དུ་ནན་ཏན་ཞིབ་ཚགས་བྱས་ནས་ཡིག་ནོར་ཇེ་ཉུང་དུ་གཏོང་དགོས་ལ། དུས་རྒྱུན་གྱི་བོད་སྐད་ཡིག་སློབ་སྦྱོང་ཁྲོད་དུ་ཚིག་གང་མང་གསོག་འཇོག་བྱ་རྒྱུ་ལ་དོ་སྣང་བྱེད་དགོས།”ཞེས་བྲིས་ཡོད་ལ། རང་གི་རྩོམ་ཡིག་ཁྲོད་དུ་གནས་པའི་གནད་དོན་རྙེད་པར་མ་ཟད། ལེགས་བཅོས་ཀྱི་ཐབས་ཤེས་ཀྱང་བཏོན་ཡོད་པས། སློབ་མར་མཚོན་ན་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད་པ་མཐོང་ཐུབ།

  དེ་མིན་དག་བཅོས་དང་དཔྱད་བསྡུར་ལ་བཟང་བའི་སློབ་གྲོགས་ལ་དགེ་རྒན་གྱིས་དམིགས་སུ་བཀར་ནས་དོ་སྣང་དང་བསྟོད་བསྔགས་བྱས་ཏེ། ཁོ་ཚོའི་སྤྲོ་སྣང་ལ་ཡར་སྐུལ་དང་སློབ་མ་གཞན་ལ་མིག་དཔེ་སྟོན་ཐབས་བྱེད་དགོས་ལ། ཁྱིམ་བདག་སོགས་ཀྱང་སློབ་མའི་རྩོམ་འབྲིའི་ལས་ཀའི་ཁྲོད་དུ་ཞུགས་པར་སྐུལ་སློང་བྱེད་དགོས།

  གོ་རིམ་གཉིས་པ།

  སློབ་མ་ཕན་ཚུན་གྱི་རྩོམ་ཡིག་ལ་དག་བཅོས་དང་དཔྱད་གཏམ་སྤེལ་རེས་བྱེད་དུ་འཇུག་དགོས། སྤྱིར་བཏང་སློབ་མས་རང་རྩོམ་རང་གིས་དག་བཅོས་བྱེད་པ་ནི་རང་གི་རྩོམ་ཡིག་ལ་མཐོང་ཆེན་བྱེད་པར་སྐུལ་འདེད་བྱེད་ཆེད་ཡིན་ལ། ཕན་ཚུན་གྱི་རྩོམ་ཡིག་ལ་དག་བཅོས་དང་དཔྱད་གཏམ་སྤེལ་དུ་འཇུག་པ་ནི་སློབ་མའི་རྩོམ་ཡིག་ཀློག་མཁན་མང་དུ་གཏོང་ཆེད་ཡིན་པས། སློབ་མའི་རྩོམ་ཡིག་ལ་ལྟ་མཁན་ཡོད་པར་བྱས་ནས་སློབ་མས་རྩོམ་ཡིག་འབྲི་བའི་འདུན་པ་འཕེལ་དུ་འཇུག་རྒྱུ་དེ་རེད། གཞན་སློབ་གྲོགས་གཞན་པའི་རྩོམ་ཡིག་ལ་སློབ་སྦྱོང་དང་ལྟ་ཀློག་བྱས་པའི་རྨང་གཞིའི་སྟེང་དུ། ཁོ་ཚོས་རང་ཉིད་ཀྱི་རྩོམ་ཡིག་གི་རིག་ལམ་རྒྱ་བསྐྱེད་དེ། རྩོམ་འབྲིའི་ནུས་པ་ཅུང་ཞན་པའི་སློབ་གྲོགས་རྣམས་ལ་རང་བཞིན་གྱིས་ཁ་མིག་ཡར་ལྟའི་དཔེ་གཞི་ཡོད་པར་གྱུར་པ་རེད།

  སྤྱིར་སློབ་མས་ཆེས་མཐོང་ཆེན་བྱེད་ས་ནི་གྲོགས་པོ་དག་གིས་རང་ཉིད་ལ་བཟུང་བའི་ལྟ་ཚུལ་དེ་ཡིན། གལ་ཏེ་རང་གི་རྩོམ་ཡིག་ལ་འཛིན་གྲྭ་གཅིག་པའི་སློབ་གྲོགས་དག་གིས་ཁས་ལེན་དང་རོལ་མྱོང་ཐོབ་ན། ཁོ་ཚོའི་སེམས་ཁམས་ཧ་ཅང་དགའ་ཁོ་ཐག་ཡིན། དེའི་ཕྱིར། སློབ་མ་ཕན་ཚུན་བར་རྩོམ་ཡིག་ལ་དག་བཅོས་དང་ཕན་ཚུན་ལ་སྐྱོན་བརྗོད་བྱེད་དུ་འཇུག་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་ཡིན། དེ་ཡང་ཐོག་མར་ཕན་ཚུན་གྱི་རྩོམ་ཡིག་ལ་དཔྱད་བསྡུར་བྱེད་གྲོགས་ནི་གྲལ་མཚེས་དང་། ཚོ་ཆུང་གཅིག་པའི་སློབ་གྲོགས་བྱེད་དུ་འཇུག་པ་དང་། དགེ་རྒན་དེའི་ནང་དུ་ཐད་ཀར་མི་ཞུགས་པར་ལྟ་རྟོག་དང་མཛུབ་ཁྲིད་བྱས་ཏེ། སློབ་མས་བཏོན་པའི་དོགས་གནད་ལ་དུས་ཐོག་ཏུ་ལན་ཁ་གསལ་འདེབས་ཐུབ་དགོས། དཔེར་ན། སློབ་མས་ཕན་ཚུན་གྱི་རྩོམ་ལ་དག་བཅོས་བྱས་རྗེས་དོན་དངོས་དང་མཐུན་ལ་གནད་ལ་ཁེལ་བའི་དཔྱད་གཏམ་འབྲི་དགོས་པ་དང་། དག་བཅོས་བྱེད་མཁན་གྱི་མིང་ཡང་འབྲི་དགོས་པའི་བླང་བྱ་འདོན་དགོས། དཔྱད་གཏམ་ལ་མཚོན་ནས་བཤད་ན། རྩོམ་འབྲིའི་ནུས་པ་ཅུང་བཟང་བའི་སློབ་མས་རྩོམ་འབྲིའི་ནུས་པ་ཞན་པའི་སློབ་གྲོགས་ཚོའི་རྩོམ་ཡིག་ལ་དཔྱད་བསྡུར་དང་བཟོ་བཅོས་བྱས་རྗེས། སྤྱིར་བཏང་དུ་ངོ་མཚར་ཆེ་བའི་དཔྱད་གཏམ་འབྲི་ཐུབ་མོད། འོན་ཀྱང་རྩོམ་འབྲིའི་ནུས་པ་ཞན་པའི་སློབ་གྲོགས་ཚོས་གཞན་གྱི་རྩོམ་ཡིག་དག་བཅོས་བྱས་རྗེས་ཚིག་སྦྱོར་བདེ་ལ་གནད་དུ་ཁེལ་པའི་དཔྱད་གཏམ་འབྲི་མི་ཐུབ་པས། སློབ་གྲོགས་བར་ཕན་ཚུན་རོགས་རམ་བྱེད་ཐུབ་པའི་ཆེད་དུ། ང་ཚོས་སློབ་མ་ཁག་བགོས་བྱེད་སྐབས་ཕུལ་བྱུང་སློབ་མ་དང་སློབ་སྦྱོང་ཐད་དཀའ་ངལ་ཡོད་པའི་སློབ་མ་ལུགས་མཐུན་ངང་བཀོད་སྒྲིག་བྱ་རྒྱུར་བསམ་གཞིག་བཏང་ནས། ཕུལ་བྱུང་སློབ་མས་དཀའ་ངལ་ཡོད་པའི་སློབ་མར་རྩོམ་ཡིག་དག་བཅོས་བྱེད་པའི་ཕྱོགས་ནས་སྐུལ་སློང་དང་མཛུབ་ཁྲིད་བྱེད་དགོས།

  གོ་རིམ་གསུམ་པ།

  དཔྱད་བསྡུར་དང་དག་བཅོས་ཀྱི་ལས་ཀ་ཡོངས་སུ་ཚགས་རྗེས་འགྲེམ་སྟོན་བྱེད་དགོས། དེ་ཡང་ཚོ་ཆུང་སོ་སོས་རྩོམ་ཡིག་ཕུལ་བྱུང་འདེམས་སྒྲུག་བྱས་ཏེ། རྩོམ་ཡིག་དེ་ཉིད་ཕུལ་བྱུང་ཡིན་མིན་ལ་བསམ་བློ་གཏོང་དགོས་ལ། རང་རྩོམ་རང་གིས་དག་བཅོས་བྱས་པ་དང་ཕན་ཚུན་དཔྱད་བསྡུར་བྱས་པའི་ཕན་འབྲས་ལ་ཡང་བསམ་བློ་གཏོང་དགོས། དེ་ནས་ཚོ་ཆུང་སོ་སོས་འདེམས་སྒྲུག་བྱས་པའི་ཕུལ་བྱུང་བརྩམས་ཆོས་དེ་བསྐྱར་དཔར་བྱས་རྗེས། སློབ་མ་ཕན་ཚུན་ལ་བརྒྱུད་སྤྲོད་བྱས་ནས་རྩོམ་ཡག་པོ་མཉམ་དུ་རོལ་བའི་དམིགས་ཡུལ་འགྲུབ་པར་བྱེད་དགོས།

  མདོར་ན། སློབ་མས་རྩོམ་ཡིག་འབྲི་ཤེས་པ་ནས་རང་གི་རྩོམ་ལ་དག་བཅོས་དང་ལྟ་ཀློག་བྱེད་ཤེས་པར་གྱུར་བའི་གོ་རིམ་དེ་ནི་ད་གཟོད་སློབ་མར་མཚོན་ན་ཆེས་གལ་ཆེ་བའི་རྩོམ་འབྲིའི་སྦྱོང་བ་ཞིག་ཡིན་ཏེ། གོ་རིམ་དེའི་ཁྲོད་ནས་ད་གཟོད་བྲིས་པ་ཐམས་ཅད་རྩོམ་མིན་པ་དང་། ཡང་ན་རྩོམ་ཡིག་ཅིག་གི་དགེ་སྐྱོན་གང་ཡིན་ལ་རང་ཚོད་ཀྱིས་དཔྱད་པ་གཏོང་ཐུབ་པའི་སྦྱོང་བརྡར་ཞིག་ཐོབ་པར་འགྱུར་བ་རེད། དགེ་རྒན་ཞིག་ཡིན་པའི་ཆ་ནས། ང་ཚོས་རྩོམ་ཡིག་གི་དཔྱད་བསྡུར་དང་དག་བཅོས་ཀྱི་དབང་ཆ་སློབ་མར་སྤྲོད་དགོས། དགེ་རྒན་གྱི་རྩ་འཛུགས་དང་མཛུབ་སྟོན་འོག སློབ་མ་རྣམས་རྩོམ་ཡིག་ལ་དག་བཅོས་བྱེད་མཁན་ངོ་མར་འགྱུར་བར་བྱེད་དགོས། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།