ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > སློབ་གསོ། > མི་རིགས་སློབ་གསོ།

སློབ་གསོའི་ངོ་བོ་ནི་ཚེ་སྲོག་སློབ་གསོ་ཡིན།

སྤེལ་དུས། 2021-05-10 21:35:51  རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། ཀའོ་མེན་ཡོན་གྱིས་བརྩམས། སྒོམ་པ  ཀློག་གྲངས།

  2020ལོར་གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ནི་གནོད་འཚེ་ཐེངས་ཤིག་ཡིན་པ་དང་། དེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྱོང་གུན་ཚབས་ཆེན་ཐེབས་སུ་བཅུག་པ་རེད། འོན་ཀྱང་རིམས་ནད་སྔོན་འགོག་བྱེད་པའི་འཐབ་འཛིང་གིས་ང་ཚོར་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་དང་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཁྱེར་ཡོང་ཡོད་དེ། དེས་ང་ཚོར་ཚེ་སྲོག་ལ་རིན་ཐང་ཆེ་བ་དང་ནད་དུག་འཐབ་འཛིང་གི་སྐབས་སུ་སྒེར་སེམས་མེད་པའི་སྙིང་སྟོབས་ཤིག་ཤེས་རྟོགས་ཐུབ་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག“ཚེ་སྲོག་བླ་ན་མེད་པ།”“མིའི་ཚེ་སྲོག་ནི་ཆེས་རྩ་ཆེ་བ་ཡིན་པ་དང་། ཚེ་སྲོག་ནི་ཐེངས་གཅིག་ལས་མེད་པས་ཤོར་ན་ཡང་བསྐྱར་ཡོང་མི་སྲིད”ཅེས་གསུངས་པ་རེད། དེར་བརྟེན། ཡོད་ཚད་བློས་བཏང་ནས་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་དགོས་ལ། འདི་ལས་ང་ཚོའི་སློབ་གསོའི་ལས་ཀར་ཁ་ཕྱོགས་གསལ་པོར་བསྟན་ཡོད།

  སློབ་གསོའི་ཐད་ནས“བདེ་ཐང་ཨང་དང་པོར་འཇོག་པ”ཡི་བསམ་བློ་འཛུགས་དགོས་ཤིང་། བདེ་ཐང་ནི་སློབ་གསོའི་རྨང་གཞི་ཡིན། མི་ཞིག་ལ་བདེ་ཐང་གི་ལུས་པོ་མེད་ཚེ་ཅི་ཞིག་བསྒྲུབ་ནུས་སམ། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་མའོ་ཙེ་ཏུང་གིས“བདེ་ཐང་ཨང་དང་པོར་འཇོག་དགོས”ཞེས་གསུངས་པ་རེད། དེའི་རྗེས་སུའང་ཐེངས་མང་གསུངས་མྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་ཡང་བསྐྱར“བདེ་ཐང་ཨང་དང་པོ་ཡིན”ཞེས་པའི་འབོད་སྐུལ་གནང་། དེར་དམིགས་གཏད་རང་བཞིན་ཆེན་པོ་ལྡན་པ་རེད། འོན་ཀྱང་དེ་རིང་གི་བྱིས་པ་ཚོའི་བདེ་ཐང་གི་གནས་ཚུལ་གྱིས་མི་རྣམས་ལ་སེམས་ཁྲལ་ཞིག་མི་བྱེད་རང་བྱེད་དུ་ཆགས་ཡོད་པ་རེད། ཧ་ལམ་མཐོ་འབྲིང་གི་སློབ་མ་བརྒྱ་ཆའི་བདུན་ཅུ་ལྷག་ཙམ་རྒྱང་སྒྲིབ་ཅན་རེད། ང་ཚོས་ཆུང་དུས་ནས་སྣུམ་སྒྲོན་གྱི་འོག་ནས་ལས་བྱ་བྲིས་པ་ཡིན་མོད། འོན་ཀྱང་རྒྱང་སྒྲིབ་ཅན་ཤིན་ཏུ་ཉུང་ཉུང་རེད། ད་ལྟ་གློག་འོད་ཇེ་གསལ་དུ་ཕྱིན་ཡོད་ནའང་རྒྱང་སྒྲིབ་ཅན་ཇེ་མང་དུ་ཕྱིན་ཡོད་པས་དེ་ནི་གློག་འོད་ཀྱི་གནད་དོན་ཞིག་མིན་པ་གསལ་པོར་རྟོགས་ཐུབ། དེའི་རྐྱེན་གཙོ་བོ་ནི་སྦྱོང་ཚན་གྱི་ཁུར་པོ་ལྕི་དྲགས་པའི་གནད་དོན་དེ་རེད། ང་ཚོ་ཆུང་དུས་སུ་འཚོ་བ་ཧ་ཅང་དཀའ་ཚེགས་ཆེ་སྟེ། ཐ་ན་ཉིན་རེར་རྩམ་སྐྱ་ཇ་ནག་འབའ་ཞིག་ལ་བརྟེན་དགོས་ཀྱང་གཅིན་པ་མངར་འགྱུར་གྱི་ནད་ཡོད་པ་ཐོས་མ་མྱོང་། ཡིན་ནའང་། ད་ལྟ་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ལོ་ན་གཞོན་པའི་མི་ནི་ཇེ་མང་ནས་ཇེ་མང་རེད། ད་ལྟའི་ལོ་གཞོན་རྣམས་ལ་རྒྱུན་པར“སྐུ་དྲག་གི་ནད”དང“དེང་རབས་ཅན་གྱི་ནད”འབྱུང་གིན་ཡོད། དེར་བརྟེན། ལོ་ཆུང་བྱིས་པའི་བདེ་ཐང་ལ་ང་ཚོས་ཅིས་ཀྱང་དོ་སྣང་བྱེད་རིན་ཡོད་དེ། དེ་ནི་ལོ་ཆུང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་དགོས་པ་དང་། མི་རིགས་ཀྱི་འབྱུང་འགྱུར་ལ་ཡང་འབྲེལ་བ་ཟབ་མོ་ཡོད།

  བདེ་ཐང་ནི་ལུས་ཁམས་ཀྱི་བདེ་ཐང་ཁོ་ན་ཙམ་མ་ཡིན་པར་སེམས་ཁམས་ཀྱི་བདེ་ཐང་ཡང་ཡོད། དེར་གཙོ་བོ་ཕྱོགས་གཉིས་ཡོད་དེ། ལུས་ཁམས་དང་སེམས་ཁམས་གཉིས་ཚུད་ཡོད། གལ་ཏེ་མི་ཞིག་གི་ལུས་ཁམས་བདེ་ཐང་ཡིན་ཡང་སེམས་ཁམས་བདེ་ཐང་མ་ཡིན་ཚེ་ལྷག་ཏུ་འཇིགས་སུ་རུང་བ་ཞིག་ཡིན། སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་གཞི་དང་འགལ་བའི་མི་ལ་སྤྱིར་བཏང་དུ་བདེ་ཐང་གི་སེམས་ཁམས་མེད་པ་རེད། དེའི་སེམས་ཁམས་གཅུས་ཤིང་འཁྱོག་པས་བདེ་ཐང་གི་མི་གཤིས་དང་བརྟན་བརླིང་གི་མི་གཞི་ཁྱོན་ནས་མེད། ད་ལྟ་རྒྱལ་ཁབ་ཁག་གི་སློབ་གསོས་སློབ་མའི་གཞི་རྩའི་བྱང་ཚད་གསོ་སྐྱོང་བྱེད་པར་སྔར་བས་མཐོང་ཆེན་བྱེད་ཀྱིན་ཡོད། གཞི་རྩའི་བྱང་ཚད་ནང་དུ་བདེ་ཐང་གི་སེམས་ཁམས་དང་ཁྱད་པར་དུ་སྤྱི་ཚོགས་ཀྱི་སེམས་ཁམས་ཚུད་ཡོད་པ་དཔེར་ན། སྤྱི་ཚོགས་ལ་བསམ་ཤེས་བྱེད་རྒྱུ་དང་མི་གཞན་ལ་བརྩི་འཇོག་བྱེད་ཤེས་པ། མི་གཞན་དང་འགྲོ་འོང་བྱེད་མཁས་པ། ཕན་ཚུན་མཐུན་སྦྱོར་དང་མཉམ་ལས་སོགས་བྱེད་མཁས་པོ་ཡོད་པ་བཅས་ཡིན། སྤྱི་ཚོགས་ཀྱི་སེམས་ཁམས་འདིའི་རིགས་ནི་མི་ཞིག་གི་མི་ཚེ་ལ་མཚོན་ན་ཧ་ཅང་གལ་ཆེ་སྟེ། སྤྱི་ཚོགས་ཀྱི་སེམས་ཁམས་བཟང་པོ་ཞིག་ཡོད་ན། ད་གཟོད་བྱ་གཞག་ལེགས་འགྲུབ་ཡོང་བ་དང་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡིན།

  དེར་བརྟེན། སློབ་གྲྭས་ཚེ་སྲོག་སློབ་གསོ་ལ་ཤུགས་སྣོན་བྱེད་དགོས་ཤིང་། བྱིས་པས་ཚེ་སྲོག་ལ་བརྩི་འཇོག་བྱེད་པ་དང་མིའི་རིགས་ལ་བརྩི་འཇོག་བྱེད་པ། མི་གཞན་ལ་བརྩི་འཇོག་བྱེད་པ། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་བཅས་བྱ་དགོས་པའི་སློབ་གསོ་གཏོང་དགོས། ཚེ་སྲོག་སློབ་གསོས་སྐྱེ་བོ་སྒེར་གྱི་ཚེ་སྲོག་ལ་དོ་སྣང་བྱེད་པར་མ་ཟད། ལྷག་ཏུ་ཚེ་སྲོག་ཡོད་ཚད་ལ་བརྩི་བཀུར་བྱེད་དགོས་པ་དེ་ཡིན། མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་མོ་ལ་སྲུང་སྐྱོབ་དང་། སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་སྲུང་། འཕེལ་རྒྱས་ལ་རྒྱུན་ཡོད་པ་ཞིག་བྱེད་རྒྱུ་མཐའ་འཁྱོངས་བྱ་དགོས། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་ནི་མིའི་རིགས་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་ཡིན། ཚེ་སྲོག་དང་རང་བྱུང་ཁམས་ལ་བརྩི་འཇོག་བྱ་རྒྱུ་ནི་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ལྡན་པའི་མི་ཞིག་ལ་ལྡན་དགོས་པའི་གཤིས་ལུགས་ཤིག་ཡིན།

  སློབ་གསོའི་ངོ་བོ་ནི་མདོ་དོན་བསྡུས་ནས་བཤད་ན། ཚེ་སྲོག་གི་སྤུས་ཚད་དང་རིན་ཐང་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན། སྐྱེ་བོ་སྒེར་གྱི་ངོས་ནས། ཚེ་སྲོག་གི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་ནི་སྐྱེ་བོ་སྒེར་ལ་སློབ་གསོ་ཐོབ་པ་བརྒྱུད་དེ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་བྱེད་པ་དང་། འཚོ་གནས་ཀྱི་ནུས་པ་ཇེ་མཐོར་བཏང་ནས་འཚོ་བར་ལ་རྒྱ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་དེ་ཡིན། ཚེ་སྲོག་གི་རིན་ཐང་མཐོ་རུ་གཏོང་བ་ནི་སྐྱེ་བོ་སྒེར་གྱི་ངོས་ནས་སློབ་གསོ་བརྒྱུད་ཅིང་བསམ་བློའི་ཀུན་སྤྱོད་དང་འཇོན་ཐང་ཆེ་རུ་བཏང་སྟེ་སྤྱི་ཚོགས་ལ་བྱས་རྗེས་འཇོག་ཐུབ་པར་བྱ་རྒྱུ་དེ་རེད། མི་ཀུན་གྱིས“མི་ཚེའི་རིན་ཐང”མངོན་འགྱུར་བྱ་དགོས་པ་དང་། མི་ཚེའི་རིན་ཐང་ནི་དོན་ངོ་མར་ཅི་ཞིག་ཡིན་ནམ། དེ་ནི་སྤྱི་ཚོགས་དང་མིའི་རིགས། རང་བྱུང་ཁམས་བཅས་ལ་བྱས་རྗེས་འཇོག་དགོས་པ་དེ་རེད། མིའི་རིན་ཐང་ནི་ནམ་ཡང་མི་གཞན་དང་དོན་དག་གཞན་གྱི་འབྲེལ་བའི་ཁྲོད་དུ་མངོན་ནས་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་ཁེར་རྐྱང་དུ་གནས་པའི་རང་ཉིད་ནི་རིན་ཐང་མེད་པ་ཞིག་ཡིན།

  སློབ་གྲྭ་ཆུང་འབྲིང་གི་ངོས་ནས་བརྗོད་ན། ཚེ་སྲོག་གི་སློབ་གསོའི་ཆེས་གལ་ཆེ་ཤོས་ཤིག་ནི་བྱིས་པའི་འཕེལ་རྒྱས་དང་འཚམ་པའི་སློབ་སྦྱོང་གི་ཁོར་ཡུག་ཇུས་འགོད་བྱས་ཏེ་གོམས་གཤིས་བཟང་པོ་རྒྱུད་ལ་འཇགས་པར་བྱེད་པ་དང་། ཁོ་ཚོས་རང་གིས་རང་ལ་ཤེས་ཚོར་དང་། རང་གིས་རང་ལ་ཚོད་འཛིན། ཚེ་སྲོག་ལ་བརྩི་འཇོག མི་གཞན་ལ་བརྩི་འཇོག་བྱས་ཐོག བློ་བག་ཡངས་ཤིང་གྲུང་ཤ་དོད་པའི་གཤིས་ཀ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། སློབ་གྲྭ་ཡིན་ནའང་འདྲ། ཁྱིམ་ཚང་ཡིན་ནའང་འདྲ། གཙོ་བོར་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མི་གསོ་སྐྱོང་བྱ་དགོས། སློབ་མའི་ནུས་པར་ངོས་འཛིན་གང་ལེགས་དང་ཡིད་ཆེས་བགྱིས་ཏེ། བྱེད་སྒོ་སྣ་ཚོགས་རྩ་འཛུགས་བྱས་ནས་སློབ་མ་རྣམས་བྱེད་སྒོའི་ཁྲོད་དུ་ཞུགས་ཤིང་རང་མོས་ངང་འཚར་ལོངས་འབྱུང་བར་བྱེད་དགོས། ད་རུང་སློབ་གྲྭ་འགའ་རེས་འཚོ་བའི་སློབ་གསོ་སྤེལ་བ་བརྒྱུད་ནས་སློབ་མར་མི་ཚེ་ཞེས་པ་གང་འདྲ་ཞིག་ཡིན་པར་ངོས་འཛིན་ཐུབ་པར་བྱས་ཤིང་། འཚོ་བའི་སློབ་གསོ་ནི་སློབ་མར་རོགས་རམ་བྱས་ནས་མི་ཚེ་ཇུས་འགོད་བྱེད་པ་ཙམ་མ་ཡིན་པར་སློབ་མར་མི་ཚེ་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་། མི་ཚེའི་མདུན་དུ་ལྷགས་པའི་གནད་དོན་སྣ་ཚོགས་ཤིག་ལ་ཁ་གཏོད་ཅིང་རྒྱུས་ལོན་བྱས་ནས་སློབ་མས་རང་གིས་རང་ཤེས་རྟོགས་དང་། རང་གིས་གཞན་ཤེས་རྟོགས། སྤྱི་ཚོགས་ལ་ཤེས་རྟོགས་བཅས་བྱས་ཏེ་རང་ཉིད་ཀྱི་འཕེལ་རྒྱས་ལ་གདེང་ཚོད་ཡོད་པར་བྱ་དགོས།

  ཚེ་སྲོག་སློབ་གསོ་ལ་ཚན་རིག་སློབ་གསོས་ཤུགས་སྣོན་རྒྱག་དགོས་པ་དང་། ཚན་རིག་གི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་རྒྱལ་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས། ད་རེས་ཀྱི་རིམས་ནད་སྔོན་འགོག་གི་འཐབ་འཛིང་དེ་ངོ་བོའི་ཐོག་ནས་བཤད་ན་དམངས་ཡོངས་ཀྱིས་མི་སྒེར་གྱི་འཕྲོད་བསྟེན་ཁྱབ་གདལ་ཆེན་པོ་ཐེངས་ཤིག་བཏང་བ་དང་། དམངས་ཡོངས་ཀྱིས་འཕྲོད་བསྟེན་རྒྱལ་གཅེས་ལས་འགུལ་སྤེལ་བ་ཞིག་རེད། གཞོན་ནུ་ལོ་ཆུང་ཚང་མར་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས་པ་སྟེ། གང་སར་ཁ་ལུད་དང་མི་གཙང་བའི་དངོས་པོ་མི་འཕེན་པ་དང་། ལག་པ་བཀྲུ་བ་དང་འགུལ་སྐྱོད་མང་ཙམ་བྱས་ནས་གཟུགས་གཞི་བདེ་ཐང་ཅན་དུ་གཏོང་བར་འབད་ལ། ལུགས་མཐུན་གྱི་འཚོ་བཅུད་ལ་དོ་སྣང་བྱས་པ་སོགས་ཀྱིས་གཙང་ཞིང་འཕྲོད་བསྟེན་ལྡན་པའི་འཚོ་བ་དང་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

  སློབ་གྲྭའི་དོ་དམ་ལ་འགྱུར་བ་བཏང་ནས། སློབ་གྲྭས་ད་ཐེངས་ཀྱི་རིམས་ནད་སྐབས་སུ་དྲ་ཐོག་ནས་སློབ་ཁྲིད་བྱས་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་དོན་དོན་འཁྱོལ་ཡོང་བར་བྱས་ནས“བདེ་ཐང་ཨང་དང་པོ”དང“བདེ་འཇགས་ཨང་དང་པོ”ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བདེ་ཐང་གི་སློབ་ར་བསྐྲུན་རྒྱུ་དང་། གཞི་གྲངས་ཆེན་པོར་བརྟེན་ནས་སློབ་གྲྭའི་ལས་ཀའི་གནས་ཚུལ་ཤེས་རྟོགས་འབྱུང་བར་བྱེད་པ་དང་། སློབ་གྲྭ་དང་སྤྱི་ཚོགས། ཁྱིམ་ཚང་དབར་གྱི་འབྲེལ་བར་ཤུགས་སྣོན་བྱས་ནས་སྤྱི་ཚོགས་དང་ཁྱིམ་ཚང་གིས་སློབ་གྲྭའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱ་དགོས། སློབ་གཙོས་སེམས་ཤུགས་གཙོ་བོ་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀའི་ཐོག་ཏུ་བཞག་སྟེ་སློབ་ཁང་དང་དགེ་རྒན། སློབ་མ་བཅས་ཀྱི་ཁྲོད་དུ་ཟབ་འཇུག་བྱ་དགོས། མདོར་ན། སློབ་གྲྭ་ནི་མི་གསོ་སྐྱོང་བྱེད་སའི་གཞི་ཡིན་པས་མི་གསོ་སྐྱོང་གི་ལས་ཀ་དེ་ཨང་དང་པོར་བཞག་ནས་སློབ་མའི་འཚར་ལོངས་དང་དགེ་རྒན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་སོ། །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།