ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

རྫ་ཆུའི་ཆུ་འགོ་ཁུལ་ནས་དུས་རབས13པའི་ལྡེབས་རིས་རྙིང་པ་རྙེད་པ།

སྤེལ་དུས། 2019-12-09 16:54:37  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྫ་ཆུའི་ཆུ་འགོ་ཁུལ་དུ་གནས་པའི་རྫོང་དེ་ནས་གནའ་བོའི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཤིག་རྙེད་པ་དེར་རྒྱ་གར་བྱང་ཤར་གྱི་པཱ་ལའི་སྒྱུ་རྩལ་རྣམ་པའི་ཁྱད་ཆོས་ལྡན་ཡོད་ཅིང་། དེ་ནི་དུས་རབས13པའི་སྔ་རྗེས་སུ་ཡིན་པ་གཏན་འཁེལ་རགས་ཙམ་ཐུབ་ཡོད་ཅིང་། དེར་ལོ་རྒྱུས་དང་མིའི་རིགས་ཀྱི་ཞིབ་འཇུག་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།

  ཟླ6པར། ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་རྡོ་ཁྲོན་གྲོང་ཚོས་ཨར་ལས་བྱེད་པའི་བརྒྱུད་རིམ་ནང་མངོན་གསལ་དོད་པའི་གནའ་བོའི་དགོན་སྡེའི་འཛུགས་སྐྲུན་གྱི་རྗེས་ཤུལ་རྙེད་པ་རེད། སྔོག་པའི་རི་ལྡེབས་སུ་ཡུལ་མི་ཚོས་རྡོ་བརྩིགས་གྱང་5མཐོང་བ་དང་། དེའི་རྒྱབ་ངོས་སུ་ཅུང་ཆ་ཚང་བའི་ལྡེབས་རིས་3ཡོད་པ་ཤེས་རྟོགས་ཐུབ་པས། དེ་མ་ཉིད་དུ་འབྲེལ་ཡོད་གནས་ཚུལ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་པ་རེད།

  ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལུའོ་ཝུན་ཧྭ་ཡིས་ཉེ་ཆར། རྗེས་ཤུལ་དེའི་ས་ཆ་དངོས་སུ་རྟོག་ཞིབ་བྱས་ནས་རྙེད་པའི་ལྡེབས་རིས་དེ་ནི་དུས་རབས13པའི་སྔ་རྗེས་སུ་བྱུང་བ་དང་། དེའི་འོག་ཏུ་བོད་ཡིག་བཀོད་ཡོད་པ་ནི་མཚོ་སྔོན་དུ་མིག་སྔར་རྙེད་པའི་ལོ་རབས་སྔ་ཤོས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཡིན་པའི་ངོས་འཛིན་བྱས་ཤིང་། དེས་རྒྱ་གར་གྱི་པཱ་ལའི་སྒྱུ་རྩལ་གྱིས་ཀྲུང་གོར་ཐེབས་པའི་ཤུགས་རྐྱེན་སྐོར་ལ་ཞིབ་དཔྱད་བྱེད་པ་དང་། དེ་བཞིན་བསྟན་པ་ཕྱི་དར་གྱི་དུས་འགོའི་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཁྲོད་ཀྱི་གནས་དེ་གའི་ལོ་རྒྱུས་ཀྱི་གནས་བབ་ལ་ཞིབ་འཇུག་བྱེད་པའི་ཐད་རྩ་ཆེའི་དཔང་རྟགས་མཁོ་འདོན་ཐུབ་རྒྱུའི་ངོས་འཛིན་བྱས་པ་རེད། །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།