ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

གློག་བརྙན«གེ་སར་འཆམ»ཁ་སང་ཟི་ལིང་ནས་ཐོག་མར་བསྟན་པ།

སྤེལ་དུས། 2020-01-04 16:16:14  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། དབང་ཆེན་ཚེ་རིང་།  ཀློག་གྲངས།

1微信图片_20200104151626.jpg

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་རྒྱ་ཤུལ་དུང་ཁྱུང་གིས་གསར་རྩོམ་དང་འཁྲབ་ཁྲིད་བྱས་ཤིང་། མགོ་ལོག་ལྷ་སྲས་ཇོ་རུ་དམངས་སྲོལ་རིག་གནས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཧྲིན་ཡེན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་གློག་བརྙན«གེ་སར་འཆམ»ཟླ༡པའི་ཚེས༣ཉིན་གྱི་ཕྱི་དྲོ་ཟི་ལིང་བན་ཏ་གློག་བརྙན་ཁང་ནས་དངོས་སུ་གཟིགས་འབུལ་མཛད་སྒོ་བསྡུས།

1微信图片_20200104151602.jpg

གཟིགས་འབུལ་མཛད་སྒོར་འགོ་འཛིན་བྱེད་པ།

  མཛད་སྒོའི་སྟེང་དུ་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་། མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། དར་ལག་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་ཟློས་གར་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་གློག་བརྙན་བརྙན་འཕྲིན་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་བརྙན་ལེན་མཐུན་ཚོགས་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་།རྩོམ་རིག་དང་གློག་བརྙན་ལས་རིགས་ཀྱི་ཆེད་མཁས་པ་དང་དཔྱད་བརྗོད་པ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ། སྨྱན་བྱད་ལས་ཁུངས་སོ་སོའི་གསར་འགོད་པ། སྤྱི་ཚོགས་ལས་རིགས་ཁག་གི་ལྟད་མོ་པ་སོགས་བསྡོམས་པས་མི་ཉིས་བརྒྱ་ལྷག་ཞུགས་ཡོད།

1微信图片_20200104151622.jpg

མགོ་ལོག་དར་ལག་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་འབྲུག་ལོས་ཤིས་ཚིག་ཕུལ་བ།

  «གེ་སར་འཆམ»ནི་ན་གཞོན་འཁྲབ་ཁྲིད་པ་རྒྱ་ཤུལ་དུང་ཁྱུང་གིས་ལོ་མང་པོའི་རིང་ལ་ཕུན་སུམ་ཚོགས་པའི་གེ་སར་རིག་གནས་དང་ན་ཆུང་བྱིས་པའི་འཚོ་བའི་རྒྱུ་ཆ་རྒྱབ་ལྗོངས་བྱས་ཏེ་གསར་རྩོམ་བྱས་ལ། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་མགོ་ལོག་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གྱི་གྲུབ་འབྲས་ཤིག་ཀྱང་ཡིན་པ་རེད།

1微信图片_20200104151618.jpg

འཁྲབ་ཁྲིད་པ་དང་བརྙན་སྐྲུན་པས་སོ་སོའི་གློག་བརྙན་འདིའི་བརྗོད་དོན་དང་མི་སྣའི་སྣང་བརྙན། བརྙན་ཕབ། སྒྲིག་སྦྱོར་སོགས་ཀྱི་ཐད་ནས་རང་རང་གི་བསམ་ཚུལ་བརྗོད།

  གློག་བརྙན་འདིའི་འཁྲབ་གཞུང་ནི་སྤྱི་ལོ༢༠༡༧ལོའི་ཟླ༡༠པར་ལེགས་འགྲུབ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་བརྒྱུད་དེ་༢༠༡༨ལོའི་ཟླ༤པར་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་བརྙན་ཕབ་ཆོག་མཆན་བཀོད་པ་དང་། ༢༠༡༩ལོའི་ཟླ༧པར་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་དངོས་སུ་སྟོན་པའི་ཆོག་འཐུས་ལག་ཁྱེར་གནང་པ་རེད།

1微信图片_20200104151606.jpg

  རྒྱུས་ལོན་པ་ལྟར་པ། གློག་བརྙན་«གེ་སར་འཆམ»ལས་མི་སྣ་གཙོ་བོ་བཀྲ་བདེ་ཆུང་དུས་ནས་ཕ་མེས་རྣམས་ཀྱི་ཤུགས་རྐྱེན་འོག གེ་སར་རིག་གནས་ལ་དགའ་བ་དང་གེ་སར་འཆམ་ལ་སྤྲོ་བ་ཆེན་པོ་ཡོད་ལ། གར་སྟེགས་སྟེང་དུ་གེ་སར་འཆམ་འཁྲབ་སྟོན་བྱེད་པའི་ཕུགས་བསམ་ཞིག་ཡོད། ཡིན་ཡང་ཁོ་རང་ལོ་ཆུང་བ་དང་སློབ་ཆུང་དུ་འགྲོ་བཞིན་ཡོད་པས་ཕ་མ་གཉིས་འཐད་པ་མ་བྱུང་། བཀྲ་བདེ་ཡིས་རང་གི་ཕུགས་བསམ་མངོན་ཕྱིར་ཐེངས་མང་པོར་རྫོང་གི་རིག་གནས་ཁང་སྒྱུ་རྩལ་ཚོགས་པར་ཞུགས་འདོད་ཀྱང་རེ་བ་མ་འགྲུབ། དུས་དེར་བཀྲ་བདེ་ཡི་ཕུགས་བསམ་དང་ཆོད་སེམས་བརྟན་པོ་ཡོད་པས་རྫོང་རིག་གནས་ཁང་གི་འགོ་གཙོས་ལས་ཞོར་དུས་ཚོད་བེད་སྤྱད་དེ་གེ་སར་འཆམ་ཁྲིད་པར་ཁས་བླངས་ཤིང་བཀྲ་བདེ་ཡིས་ཕུགས་བསམ་མངོན་འགྱུར་བྱུང་།

1微信图片_20200104151611.jpg

  གློག་བརྙན་«གེ་སར་འཆམ»བདེ་བླག་ངང་བསྟན་པ་འདིས་གེ་སར་རིག་གནས་སྔོག་འདོན་དང་། རྒྱུན་འཛིན། སྲུང་སྐྱོབ། འཕེལ་རྒྱས། དྲིལ་སྒྲོག་སོགས་ཀྱི་ལས་དོན་དེ་དུས་མཚམས་གསར་བ་ཞིག་ཏུ་སླེབས་ཡོད་པ་མཚོན་ཐུབ་པ་དང་། དེ་ལས་མང་ཞིང་ཕུལ་དུ་བྱུང་བའི་གེ་སར་རིག་གནས་སྲུང་སྐྱོབ་བྱེད་པའི་གསར་གཏོད་ཀྱི་རྣམ་པ་གསར་བ་འབྱུང་བར་སྐུལ་ལྕག་ཐེབས་པར་དངོས་ཡོད་ཀྱི་དོན་སྙིང་ལྡན་ནོ། །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།