ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོ་ནས་རིགས་ཆེན་གྱི་དམ་བཅའ་འཇོག་གནང་མཛད་པ།

སྤེལ་དུས། 2020-10-26 08:46:34  རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  རྒོལ་སྔ་རྒོལ་ཕྱི་རྒོལ་གྱིས་ཐལ་སྒྲ་དང་རྩོད་ངག་གི་ང་རོས་ནམ་མཁའ་འགེང་བའི་གཙང་བཀྲ་ཤིས་ལྷུན་པོའི་ཆོས་གྲྭ་ཆེན་མོར་ཉེ་ཆར་འཚོགས་པའི་ཆོས་ཐོག་འདི་ནི་དམིགས་བསལ་བ་ཞིག་སྟེ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཆོས་གྲྭ་དེ་ནས་རིགས་ཆེན་དམ་བཅའ་འཇོག་གནང་མཛད་པ་རེད།

1.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དམ་བཅར་བཞུགས་པ།

  བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གིས་ལོ་ངོ་སྟོང་ཕྲག་བརྒྱུད་དེ་འཛིན་སྐྱོང་སྤེལ་གསུམ་བྱས་པས་གྲུབ་མཐའ་རང་རང་གི་ལྟ་གྲུབ་དང་མཐུན་པའི་ཐོས་བསམ་སྒོམ་གསུམ་གྱི་ཆ་ལག་རང་རྐྱ་འཕེར་བ་རེ་གྲུབ་ཡོད། གཞུང་ཆེན་ཁག་ལ་ཐུན་མོང་མ་ཡིན་པའི་ཐོས་བསམ་སློབ་གཉེར་གནང་བའི་སྲོལ་བཟང་དེ་ཉིད་ད་ལྟའི་བར་དུ་མ་ཉམས་རྒྱུན་འཛིན་གནང་ལ། ལམ་བཟང་འདི་ཉིད་ཀྱིས་མཚན་ཉིད་རིག་པའི་རྩོད་རིག་དང་། བློ་གྲོས་ཀྱི་རྩལ་རྫོགས་པའི་སྐྱེས་ཆེན་དམ་པ་བགྲང་གིས་མི་ལང་བ་བསྐྱངས་ཡོད།

  བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པས་གྲུབ་མཐའ་གཞན་གྱི་འཆད་ཉན་ལམ་ལུགས་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་ནས། ནན་ཏན་དང་ཚགས་སུ་ཚུད་པའི་དགོན་སྡེའི་དོ་དམ་ལམ་ལུགས་དང་། གོ་རིམ་ལྡན་པའི་སློབ་གཉེར་ལུགས་རྒྱུན་ཆགས་སུ་འགྲོ་བ་བྱས་ཡོད། ལྷག་དོན་དུ་ནང་བསྟན་སློབ་གསོས་བཤད་སྒྲུབ་ཀྱི་རིམ་པ་ལ། འཛིན་གྲྭ་འོག་མ་ནས་གོང་མ་ལ་རིམ་བཞིན་ཐོས་བསམ་སློབ་གཉེར་དང་། རྩོད་པའི་རིག་ལམ་ནས་སྦྱོང་བརྡར་བྱེད་པ་གཙིགས་ཆེན་བྱེད།

2.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དམ་བཅར་བཞུགས་པ།

  ཉིན་དེའི་ཕྱི་དྲོར་འདོན་པ་ཅུང་ཙམ་གསུངས་པའི་རྗེས་སུ་དམ་བཅའ་དངོས་ཚུགས། རིགས་ལུང་བ་བཀའ་ཆེན་བློ་བཟང་ཕུན་ཚོགས་མཆོག་འདུས་གྲལ་ནས་བཞེངས་ཏེ། ཀུན་གཟིགས་པཎ་ཆེན་བཅུ་གཅིག་པ་ཆེན་མོ་མཆོག་ལ་གུས་འདུད་ཞུས་རྗེས། སྐུ་གཟན་སྐེད་པར་དཀྲིས་ནས་ཐལ་སྐད་ཅིག་བཏང་སྟེ། གཞུང་ཆེན་བཀའ་པོད་ལྔའི་ཡ་གྱལ་ཕར་ཕྱིན་གྱི་སྐོར་ནས་རྟགས་གསལ་དབུ་བཙུགས། ཁྲི་སྟེང་ན་བཞུགས་པའི་པཎ་ཆེན་རིན་པོ་ཆེ་མཆོག་གིས་གསུང་ལན་མཛད་སྐབས་སུ། རྗེ་བླ་མས། མཐར་གཏུགས་ན་དྲི་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཞེས་གསུངས་པ་ལྟར་རིགས་པ་དང་ཁས་ལེན་སྔ་ཕྱི་འགལ་མིན་ལ་ཐུགས་ཉམས་བཞག་ནས། གོ་རིགས་ཟུང་འབྲེལ་དང་། ལུང་གི་རྒྱབ་རྟེན། རིགས་པའི་སྒྲུབ་བྱེད་ལ་རྣོ་དབལ་ལྡན་པས་རྟགས་ཁྱབ་འཁོར་གསུམ་ཁས་པའི་སྐྱོན་དང་བྲལ་ལ། སྐུའི་རྣམ་འགྱུར་ལེགས་ཤིང་། ཐུགས་རིག་གསལ་ཟབ་མྱུར་བས་གཞུང་འགྲེལ་དང་གསུང་ལན་ཆགས་ཐོགས་བྲལ་བ་མཛད། གྲལ་བཞུགས་དགེ་འདུན་འདུས་པའི་ཁྲོད་ན་ཁོང་ཉིད་ཀྱི་གསན་བསམ་དང་། ཐུགས་འཛིན། གཟིགས་རྒྱ། རྩོད་རིག་སོགས་ཐུགས་མཁྱེན་པའི་ཡོན་ཏན་ལ་ཡིད་སྨོན་མི་འཆོར་མཁན་གཅིག་ཀྱང་མེད།

3.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རིག་སློང་ལ་བཞེངས་པ།

4.jpg

རིགས་ཆེན་དམ་བཅའ་མཛད་སྐབས་ཀྱི་བཀྲིས་ལྷུན་དགེ་འདུན་འདུས་པའི་སྡེ།

  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལོ་འཁོར་20ཡི་རིང་དུ་དཀའ་བ་ཁྱད་དུ་བསད་ནས་གསན་སྦྱོང་ལྷོད་མེད་གནང་སྟེ། ཡོངས་འཛིན་གྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་ཀྱི་ཁྲིད་ལུང་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པས། གཞུང་ལུགས་ཀྱི་གཏིང་མཐུག་ལ་མཁྱེན་པའི་རྩལ་རྫོགས། བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པ་དང་། ལྷ་རམས་པ། བཀའ་ཆེན་(རིགས་ཆེན་)བཅས་ཀྱི་མཚན་རྟགས་སོགས་སྐུ་གཅིག་ལ་བཞེས་ཤིང་མཚན་སྙན་ཕྱོགས་བཅུར་རྒྱས་པའི་དགེ་བཤེས་ཆེན་མོ་རྡོ་རྗེ་རྒྱལ་མཚན་ལགས་ཀྱིས་རིན་པོ་ཆེ་མཆོག་ལ་དགའ་དད་གུས་པ་ཆེན་པོའི་ངང་ནས། འདི་ནི་ངོ་མཚར་ཞིང་ཕུན་སུམ་ཚོགས་པའི་དམ་བཅའ་ཞིག་རེད། ངས་ནི་ཀུན་གཟིགས་པཎ་ཆེན་བཅུ་གཅིག་པ་ཆེན་མོ་མཆོག་གིས་རྩོད་པ་གནང་བ་ཐེངས་དང་པོར་མཐོང་བ་ཡིན། རྩོད་པ་གནང་སྐབས་རིན་པོ་ཆེ་ཁོང་གི་གསུང་སྙན་ཞིང་འཇེབས་པ། རིགས་ལམ་དང་མི་འགལ་བ། གསུང་ཆགས་ཐོགས་མེད་པ། རྒྱུ་མཚན་ཡང་དག་ལ་སེམས་པ། གསུང་ལ་ཁུངས་བཙུན་པ། གཏན་ཚིགས་ཡང་དག་དང་མཐུན་པ། རྟགས་གསལ་གང་བཏང་ཡང་ཐུགས་རིག་མྱུར་བས་རིགས་པའི་གཏིང་ཟབ་ཅིང་། དགོངས་དོན་ཕྲ་ཞིབ་འབྱེད་ལ། གཏིང་དཔག་དཀའ་བའི་གཞུང་གི་གནད་མ་ལུས་པ་མཁྱེན་ཡོད་པས། ངེད་ཅག་བཀྲ་ཤིས་ལྷུན་པོར་མཁྱེན་པའི་རྩལ་ཡོངས་སུ་རྫོགས་པའི་བླ་ཆེན་འདི་ལྟ་བུ་ཞིག་ཡོད་པ་ནི་དགའ་ཞིང་སྤོབས་པ་སྐྱེ་འོས་པ་ཞིག་རེད། བོད་བརྒྱུད་ནང་བསྟན་འདིར་བླ་མ་ཡིན་ནའང་འདྲ་ལ་ངེད་ཅག་གྲྭ་བཙུན་དཀྱུས་མ་ཡིན་ཡང་རུང་། ཐམས་ཅད་ཀྱིས་ངེས་པར་དུ་རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་སྲུང་བ་གཞིར་བཞག་གི་སྟེང་ནས། ཆོས་གྲྭའི་རྒྱུགས་བརྩི་བཞག་རྩོད་པ་རྩོད་ལན་སོགས་ནན་ཏན་ངང་འཛིན་གྲྭ་རིམ་གྱིས་སོང་ན། མཐར་མཚན་གནས་ཁག་འཐོབ་བཞིན་ཡོད། ངས་ནི་ད་རེས་ཀུན་གཟིགས་པཎ་ཆེན་བཅུ་གཅིག་པ་ཆེན་མོ་མཆོག་གི་ཐུགས་ཀྱི་ཡོན་ཏན་གྱི་ཆ་ཙམ་མཐོང་བ་དེར་བསམས་ན་ཡང་། ཁོང་གིས་རིགས་ཆེན་ནས་བཀའ་ཆེན་སོགས་ཀྱི་མཚན་རྟགས་ཚེགས་མེད་དུ་བཞེས་ཐུབ་ངེས་ཡིན་པ་ཤེས་བྱུང་། དེ་དང་ཆབས་གཅིག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཁོང་གིས་གདུལ་བྱའི་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་དུ་བསྐོར་ཏེ། སྐྱེ་རྒུའི་རེ་བ་སྐོང་བར་ཤོག་ཅེས་པའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུངས།

5.jpg

རིགས་ཆེན་དམ་བཅའ་འཇོག་གནང་མཛད་སའི་ཡུལ་དངོས།

  གཙང་བཀྲ་ཤིས་ལྷུན་པོ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་རེད། བཀྲ་ཤིས་ལྷུན་པོའི་མཚན་ཉིད་གྲྭ་ཚང་གི་ཐོས་བསམ་སློབ་གཉེར་བྱེད་སྟངས་དང་གདན་ས་གསུམ་གྱི་ཐོས་བསམ་སློབ་གཉེར་བྱེད་སྟངས་མི་འདྲ། གཙང་བཀྲ་ཤིས་ལྷུན་པོའི་མཚན་ཉིད་གྲྭ་ཚང་དུ་ཆེས་མཐོའི་མཚན་རྟགས་བཀའ་ཆེན་གྱི་མཚན་རྟགས་གནང་རྒྱུ་ཡོད་ལ། ཚད་མའི་གཞུང་ལ་ཤིན་ཏུ་མཁས་ཤིང་རིག་ལམ་ཞིབ་ཅིང་ཕྲ་བས་རྩོད་པར་མཁས་པའི་སྙན་གྲགས་ཕྱོགས་བཅུར་རྒྱས་ཡོད། ད་ལྟ་གཙང་བཀྲ་ཤིས་ལྷུན་པོའི་མཚན་ཉིད་གྲྭ་ཚང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པའི་བར་དུ་མི་ལོ་18ཀྱི་དུས་ཡུན་དགོས། །

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།