ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

༄༅།།མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་འཚུབ་ཟློག་ཞབས་ཕྱི་ཁྱབ་སྤེལ་དང་ཉེར་སྤྱོད་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

སྤེལ་དུས། 2020-12-14 11:01:14  རྩོམ་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།  རྩོམ་པ་པོ།   ཀློག་གྲངས།

  ཟླ12པའི་ཚེས10ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་དུ། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་འཚུབ་ཟློག་ཞབས་ཕྱི་ཁྱབ་སྤེལ་དང་ཉེར་སྤྱོད་སྐོར་གྱི་བགྲོ་གླེང་ཚོགས་འདུ་ནི་ཟི་ལིང་ཧོང་ཀྲུང་ཆུའུ་རུ་བསྡུས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཚོགས་གཙོ་རྒྱ་ཡེ་བཀྲ་བྷོ་དང་རྒྱུན་ལས་ཚོགས་གཙོ་གཞོན་པ་གུང་ཆིས་ཏིག ཚོགས་གཙོ་གཞོན་པ་ཟླ་བ། དྲུང་ཡིག་ཆེན་མོ་འབྲུག་བྱམས་ཚེ་རིང་སོགས་ཚོགས་འདུར་ཞུགས་ཡོད།

  ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། ནན་ནན་ཏིག་ཏིག་གིས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། མི་རིགས་སྐད་ཡིག་ལོ་ཙཱའི་ཆེད་དོན་རིག་གཞུང་ཞིབ་འཇུག་བྱ་བ་སྤེལ་བ་བརྒྱུད་དེ། མི་རིགས་སྐད་ཡིག་ལོ་ཙཱའི་འཚུབ་ཟློག་ཞབས་ཕྱིའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། གོམ་གང་མདུན་སྤོས་ཀྱིས་རང་ཞིང་གི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བ་དང་། མི་རིགས་སོ་སོའི་འབྲེལ་འདྲིས་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་སྤྱི་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱ་དགོས་པ་དེ་ཡིན།

  ཚོགས་ཐོག་ཏུ་རྒྱུན་ལས་ཚོགས་གཙོ་གཞོན་པ་གུང་ཆིས་ཏིག་གིས་མགོ་འཛིན་དང་གཏམ་བཤད་གནང་ཞིང་། ཚོགས་གཙོ་རྒྱ་ཡེ་བཀྲ་བྷོས་ལོ་འཁོར་གཅིག་གི་བྱ་བའི་སྤྱི་སྡོམ་གྱི་སྙན་ཞུ་ཕུལ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་དང་ཞིང་ཆེན་སྲིད་གཞུང་ལོ་ཙཱ་ཁང་། ཞིང་ཆེན་ས་ཡོམ་ཅུ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། 《མཚོ་སྔོན་བོད་ཡིག་གསར་འགྱུར》《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》《ཏང་གི་འཚོ་བ》དུས་དེབ། 《རྩེར་སྙེག》དུས་དེབ། 《སྦྲང་ཆར》དུས་དེབ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། བོད་ཀྱི་དྲ་བ། དེ་མིན་ཁུལ་དང་རྫོང་ཁག་གི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སོགས་ལས་ཁུངས50ཡས་མས་ཀྱི་མི70ལྷག་ཚོགས་འདུར་ཞུགས་ཡོད།

  ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྐབས་སུ། ཀྲུང་གོ་ས་ཡོམ་སློབ་ཚོགས་ཚན་རིག་ཁྱབ་གདལ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པའམ་མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུའི་ཁྲུའུ་ཀྲང་ཞུས་ཁྲོན་ཅེ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་དབང་རྡོ་རྗེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རེན་སྙིང་བྱམས་རྒྱལ། AIསྤྱིར་བཏང་སྐད་རིགས་ཞིབ་འཇུག་གླིང་གི་གླིང་གཙོ་ཡའེ་ཧྥེ་ཧྥེ་བཅས་ཆེད་མཁས་པ་གདན་དྲངས་ཏེ་བགྲོ་གླེང་འཆད་ཁྲིད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།