ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》པར་བསྐྲུན་བྱས་པ།

སྤེལ་དུས། 2021-01-26 16:43:16  རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ། ཚེ་རིང་བཀྲ་ཤིས།  ཀློག་གྲངས།

དཔེ་སྐྲུན་པའི་བླ་མེད་སྙིང་སྟོབས་རྒྱུན་སྲུང་བྱས་ཏེ། མི་རིགས་ཀྱི་ཕུལ་བྱུང་རྩོམ་རིག་པར་སྐྲུན་བྱེད་པ།

—མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》པར་སྐྲུན་བཞུགས་མོལ་ཚོགས་འདུ་བསྡུས་པ།

图片

  ཉེ་ལམ་རྒྱལ་ཁབ་ཀྱི་གཙོ་ཆེའི་དཔེ་དེབ་ལས་གཞི《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》ཅེས་པའི་པོད་ཉི་ཤུའི་བདག་ཉིད་ཅན་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། ཟླ་དང་པོའི་ཚེས26ཉིན། 《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》ཀྱི་པར་སྐྲུན་བཞུགས་མོལ་ཚོགས་འདུ་དེ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས། བཞུགས་མོལ་ཚོགས་འདུའི་སྟེང་ཟླ་བ་བློ་གྲོས་དང་རྒྱ་ཡེ་བཀྲ་བྷོ། ལྕགས་བྷེ། ཆབ་འགག་རྟ་མགྲིན། སྟོབས་ལྡན། ནོར་བུ་ཚེ་རིང་སོགས་ཆེད་མཁས་པ་མང་པོ་ཞུགས་ཤིང་གཏམ་བཤད། སྒྲིག་པ་པོ་བསོད་ལོ་དང་རིན་ཆེན་བཀྲ་ཤིས། རིན་ཆེན་རྡོ་རྗེ་གསུམ་གྱིས་དེབ་ཕྲེང་འདི་བསྒྲིགས་པའི་གོ་རིམ་དང་སྒྲིག་སྟངས་སོགས་ཞིབ་པར་ངོ་སྤྲོད་གནང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

  《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》ཅེས་པའི་དཔེ་ཚོགས་པོད་ཉི་ཤུའི་བདག་ཉིད་ཅན་འདི་ནི། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིན་ཆེན་བཀྲ་ཤིས་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཞུ་ཆེན་པ་བསོད་ལོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིན་ཆེན་རྡོ་རྗེ་བཅས་ཀྱིས་ལོ་ངོ་དགུའི་རིང་གི་དཀའ་སྤྱད་འབད་བརྩོན་བརྒྱུད་དེ་འདེམ་སྒྲིག་བྱས་པ་ཞིག་ཡིན། དཔེ་ཚོགས་འདིར་དུས་རབས་རིམ་བྱོན་གྱི་མཁས་པ་ཉིས་བརྒྱ་ལྷག་གིས་ཤུལ་ནོམ་དུ་བཞག་པའི་རྩོམ་རིག་བརྩམས་ཆོས་ལས།ཕུལ་དུ་བྱུང་བའི་ངག་རིག་གི་བརྩམས་ཆོས་རིང་ཐུང་ཅི་རིགས་ཆིག་སྟོང་སུམ་བརྒྱ་ལྷག་བདམས་ཡོད་པ་དང་། བརྩམས་ཆོས་དག་དུས་ཀྱི་ཆ་ནས་ཐུ་བྷོད་རྒྱལ་རབས་ནས་དུས་རབས་ཉེར་གཅིག་པའི་བར་གཏུགས་ཡོད་པ་དང་། ཡུལ་གྱི་ཆ་ནས་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཡོངས་སུ་འདུས་པ། གྲུབ་མཐའི་ཆ་ནས་ཆོས་བོན་གཉིས་ཏེ། ཆོས་ལས་ཀྱང་ས་དགེ་བཀའ་རྙིང་ཇོ་ནང་ཞི་བྱེད་སོགས་བོད་ཀྱི་གྲུབ་མཐའ་ཡོངས་སུ་ཁེབས་པ། རྩོམ་ལུས་ཀྱི་ཆ་ནས་བསྟོད་རྩོམ་དང་། གསོལ་འདེབས། སྐྱེས་རབས། རྣམ་ཐར། རྟོགས་བརྗོད། ཞལ་གདམས། བསླབ་བྱ། ལེགས་བཤད། མགུར་མ། ཆབ་ཤོག སྙན་ངག་ཆེན་པོ། སྙན་ངག་ཆུང་ངུ་། སྒྲུང་། གཏམ། ཟློས་གར། བཤད་པ། ཚིག་བཀྲ། བསྔོ་བ་སྨོན་ལམ་ཤིས་བརྗོད་སོགས་བོད་ཀྱི་སྲོལ་རྒྱུན་རྩོམ་ལུས་ཕལ་མོ་ཆེ་འདུ་བ་སོགས་མདོར་ན་བརྗོད་དོན་འདུ་ཕུད་ཆེ་ཞིང་གཏིང་ཟབ་པ་དང་། དོན་གྱི་གནད་འགྲིལ་བ། ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་སྙན་འཇེབས་ལྡན་པ། རྒྱུད་འཁུལ་ཞིང་དང་བ་འདྲེན་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པས་ན། དཔེ་ཚོགས་འདི་ནི་བོད་ཀྱི་དུས་སྐབས་སོ་སོའི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་འཚོ་བ། ངག་རིག་སྒྱུ་རྩལ། གོམས་སྲོལ་རིག་གནས་སོགས་ལ་བལྟ་བའི་མེ་ལོང་ཞིག་རེད་ཅེས་བརྗོད་ཆོག

  དཔེ་ཚོགས་འདིའི་སྒྲིག་སྟངས་ཀྱི་ཆ་ནས་སྔོན་བྱོན་མཁས་པ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་ལས་དུས་ཀྱི་སྔ་གཞུག་གི་གོ་རིམ་ལྟར་བསྒྲིགས་པ་གཞིར་བཞག་སྟེང་། ཀློག་མཁན་གྱིས་བལྟ་བདེ་བའི་ཆེད་དུ་བརྩམས་ཆོས་ཀྱི་སྔོན་དུ་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་རེ་ཡང་བཀོད་ཡོད། དེབ་འདིར་འཁོད་པའི་རྩོམ་ཡིག་དག་ནི་ད་སྔ་དཔར་དུ་བཀོད་ཟིན་པའི་མཁས་པའི་གསུང་འབུམ་དང་། དཔར་དུ་མ་བཀོད་པར་དགོན་པ་དང་། རིག་དངོས་སྡེ་ཁགལོ་རྒྱུས་ཡིག་ཚང་སྡེ་ཁག སྒེར་གྱིས་ཉར་བའི་ཤིང་དཔར་དང་ལག་བྲིས་མ་དཔེ་རྒྱུན་དཀོན་པོ། ཕྱི་རྒྱལ་དུ་འཁྱར་བའི་ཡིག་ཚང་དཀོན་པོའི་རིགས་ལས་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་དག་བདམས་ཤིང་། དེ་དག་གཤིབ་བསྡུར་དང་བསལ་གསེས་བྱས་ནས་བསྒྲིགས་ཡོད་པས། སློབ་གྲྭ་ཆེན་མོའི་གནའ་རྩོམ་དང་རྩོམ་རིག་ལོ་རྒྱུས། བོད་ཀྱི་རྩོམ་གཞུང་བཅས་ཀྱི་རིག་ཚན་འཛུགས་སྐྲུན་བྱེད་པ་དང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་ཞིབ་འཇུག་དང་སློབ་གཉེར་བྱེད་པ་སོགས་ཀྱི་ཐད་མཐུན་རྐྱེན་གྱ་ནོམ་པ་སྦྱར་ཡོད་དོ། །

  ཚོགས་ཞུགས་ཆེད་མཁས་པ་དག་གིས་ཀྱང་དཔེ་ཚོགས་འདིའི་རིན་ཐང་གི་ཆ་ལ་ཚད་མཐོའི་གདེང་འཇོག་གནང་བ་སྟེ།

  གཅིག 《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》འདིར་བདམས་པའི་རྩོམ་ཡིག་དག་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་མིང་དུ་གྲགས་པའི་མཁས་པ་དང་རྩོམ་པ་པོ་དག་གི་བརྩམས་ཆོས་ཁོ་ན་ཡིན་པས། དུས་རབས་ཀྱི་ཁྱད་ཆོས་དང་རྩོམ་རིག་གི་རང་བཞིན་མངོན་པར་གསལ་བ་དང་། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་མི་འདྲ་བ་དང་རྩོམ་ལུས་མི་འདྲ་བ། རྩོམ་གཤིས་མི་འདྲ་བ་ཕལ་མོ་ཆེ་འདུ་བས། བརྗོད་བྱ་རྒྱ་ཆེ་ཞིང་འདུ་ཕུད་ཆེ་བའི་ཁྱད་ཆོས་དང་ལྡན་པ་བཅས། བོད་ཀྱི་དུས་རབས་རིམ་བྱོན་གྱི་རྩོམ་རིག་གི་འཕེལ་རྒྱས་དང་རྩོམ་གཤིས་ཀྱི་འགྱུར་བ་སོགས་ཇི་བཞིན་དུ་མངོན་ཡོད་པས།མིག་སྔར་མ་ལག་ཆ་ཚང་བའི་སྔོན་བྱོན་མཁས་པའི་ངག་རིག་བརྩམས་ཆོས་གྲགས་ཅན་གྱི་དཔེ་ཚོགས་ཤིག་རེད།

  གཉིས། དུས་ཡུན་རིང་མོ་ཞིག་ལ། རྩོམ་རིག་བརྩམས་ཆོས་ཚུད་པའི་ཡིག་ཚང་དཀོན་པོ་མང་པོ་ཞིག་དགོན་པ་དང་མི་སྒེར་བས་བདག་ཏུ་ཉར་ཏེ་ཁྲོམ་བསྒྲགས་མ་བྱས་པས། མི་སེར་དཀྱུས་མ་དག་ལ་དེ་དག་གི་ལོ་རྒྱུས་ཀྱི་རིན་ཐང་དང་རྩོམ་རིག་གི་རིན་ཐང་ལ་བལྟ་བའི་གོ་སྐབས་ཤིན་ཏུ་ཉུང་། ད་རེས་དཔེ་ཚོགས་འདི་སྡུད་སྒྲིག་པར་སྐྲུན་བྱས་པ་ལས། སྔོན་ཆད་ཀློག་མཁན་གྱི་མཐོང་ལམ་དུ་མ་གྱུར་པའི་སྔོན་བྱོན་མཁས་པའི་ངག་རིག་གི་བརྩམས་ཆོས་མང་པོ་གསར་དུ་ཐོན་པས། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ལ་ངོས་འཛིན་གསར་བ་འབྱུང་སྲིད་པ་དང་། རིག་གཞུང་ཞིབ་འཇུག་དང་སློབ་ཁྲིད་སོགས་ཀྱི་བྱ་བའི་ཐད་སྟབས་བདེ་གང་ལེགས་བསྐྲུན་ཡོད་པས་རིན་ཐང་བྲལ་བའི་དཔྱད་གཞིའི་རྒྱུ་ཆ་ཞིག་ཏུ་གྱུར་ཡོད།

  གསུམ། 《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》འདི་རྩོམ་ལུས་ཀྱི་ཁྱབ་རྒྱ་དང་བདམས་པའི་བརྩམས་ཆོས་གང་ལ་བལྟས་ཀྱང་། མིང་དོན་མཚུངས་པའི་བོད་ཀྱི་དུས་རབས་རིམ་བྱོན་གྱི་རྩོམ་ཡིག་གཅེས་བསྡུས་ཤིག་ཏུ་གྲུབ་ཡོད་པས། མེད་པ་གསར་སྐྲུན་དང་ཆད་པ་ཁ་གསབ་ཀྱི་དོན་སྙིང་ལྡན་པ་ཡིན། ལྷག་པར་དུ་མིག་སྔར་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི་གནའ་རབས་རྩོམ་རིག་སློབ་དེབ་ཁྲོད་བདམས་མེད་པའི་དཔེ་ཚོགས་འདིའི་ཁྲོད་ཀྱི་མཁས་པ་མང་པོ་ཞིག་གི་བརྩམས་ཆོས་དག་ལ་མཚོན་ན། ཡིག་ཚང་གི་རིན་ཐང་དང་བཀོལ་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན་པས། བོད་ཀྱི་གནའ་རབས་རྩོམ་རིག་གི་སློབ་དེབ་སྒྲིག་རྩོམ་དང་སློབ་ཁྲིད་ཀྱི་བྱ་བ་འཐུས་ཚང་དུ་གཏོང་བ། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་སྒྲིག་རྩོམ་དང་ཞིབ་འཇུག་བྱེད་པ་སོགས་མཐོ་རིམ་སློབ་གྲྭའི་བསླབ་ཚན་འཛུགས་སྐྲུན་གྱི་ཐད་གལ་ཆེའི་དོན་སྙིང་ལྡན་པ་ཡིན།

  གཞན་ཡང་། ཚོགས་ཞུགས་ཆེད་མཁས་པ་དག་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི་མ་དངུལ་རོགས་སྐྱོར་ལ་བརྟེན་ནས།རིག་གནས་རྒྱུན་འཛིན་གྱི་རིན་ཐང་གིས་ཁྱོགས་པའི་ཕུལ་བྱུང་དཔེ་དེབ་རབ་དང་རིམ་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། མིག་སྔའི་བར་པར་དུ་བསྐྲུན་པའི་སྤྱི་ཚོགས་ཐོག་དགའ་བསུ་ཐོབ་པའི་དཔེ་དེབ་དག་ནི་རྩོམ་སྒྲིག་པ་དག་གིས་རྔུལ་ཆུས་བསྐྲུན་པའི་བྱས་འབྲས་ཤིག་ཡིན་པར་ཁས་ལེན་གནང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཆབ་སྲིད་ལམ་ཕྱོགས་དང་པར་སྐྲུན་ཁ་ཕྱོགས་རྒྱུན་འཁྱོངས་དང་། སྤུས་ཚད་ཨང་དང་པོ་ཡིན་པའི་རྩ་དོན་རྒྱུན་འཁྱོངས། ཡག་ཐོག་ཡག་བརྩེགས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་བཅས་བྱས་པས། ཕུལ་བྱུང་གི་དཔེ་དེབ་གང་མང་རྒྱ་ཆེའི་ཀློག་མཁན་གྱི་བསམ་པའི་རྒྱགས་ཕྱེ་རུ་ཕུལ་ཡོད་པ་དང་། དཔེ་སྐྲུན་པ་ཞིག་ལ་འཛོམས་དགོས་པའི་སྙིང་སྟོབས་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་སོ་སོའི་ལུས་སྟེང་དུ་རང་ཆོས་སུ་མངོན་ཡོད་པར་བརྗོད་དོ། །

  སྒྲིག་པ་པོའི་ངོ་སྤྲོད་མདོར་བསྡུས།

  རིན་ཆེན་བཀྲ་ཤིས། སྤྱི་ལོ1966ལོར་མཚོ་སྔོན་ཁྲི་ཀར་སྐྱེས། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་སློབ་སྟོན་པ། མཚོ་སྔོན་དགེ་འོས་སློབ་ཆེན་རིག་གཞུང་དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་པ་བཅས་ཀྱི་འགན་ཁུར་ཡོད་པ་དང་། འཁྲིད་བྱ་གཙོ་བོ་ནི་བོད་ཀྱི་གནའ་རྩོམ་དང་། བོད་ཀྱི་དེང་རྩོམ། རྩོམ་རིག་གཞུང་ལུགས་སོགས་ཡིན། ཞིབ་འཇུག་གི་ཐད་ནས་རིག་གཞུང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་བ་དང་། ཆེད་དེབ་གཉིས་པར་སྐྲུན་བྱས་ཤིང་། རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ལ་འགོ་འཛིན་བྱས། དཔྱད་འབྲས་ཁ་ཤས་ལ་ཞིང་ཆེན་རིམ་པའི་གཟེངས་རྟགས་ཐོབ། སྤྱི་ཚོགས་སྟེང་གི་ཞོར་འགན་གཙོ་བོ་ནི། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བསླབ་ཚན་ཞིབ་བཤེར་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་མཐོ་སློབ་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གཅིག་ལྕོགས་དགེ་རྒན་ཆེན་མོ་སོགས་ཀྱི་འགན་འཁུར་ཡོད།

  བསོད་ལོ། 1961ལོར་མཚོ་སྔོན་ཁྲི་ཀར་སྐྱེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་གི་མགོ་གཙོ་དང་ཞུ་ཆེན། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ། རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྣེ་འཁྲིད་མི་སྣ་བཅས་ཡིན། དེ་སྔར《སྦྲང་ཆར》དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པའི་འགན་ལོ་མང་ལ་ཁུར་ཞིང་། རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་མངོན་གསལ་བྱས་རྗེས་བཞག་པའི་གཞོན་དར་ཆེད་མཁས་པ་དང་། མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་རིག་གནས་སྡེ་ཁག་གི“འཇོན་ཐང་ཅན་སྐོར་བཞི”ལས་ཕུལ་བྱུང་ཤེས་ལྡན་མི་སྣ་སོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་། སྔ་རྗེས་སུ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅུ་གཅིག་པ་དང་བཅུ་གཉིས་པ། བཅུ་གསུམ་པའི”གཙོ་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་བཅུ་གཅིག་དང་། རྒྱལ་ཁབ་ཀྱི་པར་སྐྲུན་ཐེབས་རྩའི་ལས་གཞི་ལྔ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞི་བརྒྱད་ལ་ཇུས་འགོད་དང་རྩོམ་སྒྲིག་པར་སྐྲུན་གྱི་འགོ་འཛིན་བྱས། གཞན་རྒྱལ་ཁབ་རིམ་པའི་ལས་གཞིའི་གྲས་སུ་ཚུད་པའི་དཔེ་ཚོགས་བཅུ་ལ་གཙོ་སྒྲིག་བྱས་པ་དང་། ལས་གཞིའི་དཔེ་དེབ་བདུན་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ། ལས་ཞོར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་དུ་མ་སྤེལ།

  རིན་ཆེན་རྡོ་རྗེ། 1966ལོར་མཚོ་སྔོན་ཁྲི་ཀར་སྐྱེས། མི་རིགས་རིག་པའི་འབུམ་རམས་པ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། ཞིབ་འཇུག་ཁ་ཕྱོགས་ནི་བོད་ཀྱི་གནའ་རབས་རྩོམ་རིག་ཡིན། འཁྲིད་བྱ་གཙོ་བོ་བོད་ཀྱི་གནའ་རྩོམ། བོད་ཀྱི་རྩོམ་གཞུང་། རྒྱ་བོད་རྩོམ་གཞུང་དཔྱད་བསྡུར་སོགས་ཡིན། གཙོ་ཁྲིད་བྱས་པའི་བོད་ཀྱི་གནའ་རབས་རྩོམ་རིག་ནི་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བསླབ་ཚན་དུ་བདམས། བོད་ཀྱི་གནའ་རབས་རྩོམ་རིག་དང་རྒྱ་བོད་ཤན་སྦྱར་གྱི་རྩིས་འཁོར་ཚིག་མཛོད་སོགས་སྒྲིག་སྒྱུར་བྱས། རྒྱལ་ཁབ་རིམ་པའི་ལས་གཞི་གཅིག་ལ་འགོ་འཛིན་བྱས། རིག་གཞུང་དཔྱད་རྩོམ་དུ་མ་སྤེལ།

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།