ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

རྨ་སྟོད་ཀྱིས་ཁྱོན་ཡོངས་ནས་སློབ་ཁྲིད་སླར་གསོ་བྱས། 

སྤེལ་དུས། 2021-05-25 17:41:40  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས24ཉིན་གྱི་ཕྱི་དྲོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གིས་སློབ་གྲྭ་སླར་ཚོགས་དང་སློབ་ཁྲིད་སླར་གསོ་བྱེད་པའི་མཛད་སྒོ་འཚོག་ཅིང་། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང5ཡིས་ཁྱོན་ཡོངས་ནས་སློབ་ཁྲིད་སླར་གསོ་བྱས།

  ཟླ5པའི་ཚེ22ཉིན་གྱི་ནམ་གུང་རྨ་སྟོད་རྫོང་ལ་ཚད་རིམ7.4གྱི་ས་ཡོམ་རྒྱུག་ནས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང5ཡི་ཐོག་ཁང་ལ་ཚད་ཆེ་ཆུང་མི་འདྲ་བའི་གས་ཆག་བྱུང་། གཟའ་མཇུག་རྗེས་ཀྱི་སློབ་ཚོགས་དང་སློབ་ཁྲིད་ལ་འགན་ལེན་བྱེད་ཆེད། རྨ་སྟོང་རྫོང་མི་དམངས་སྲིད་གཞུང་གིས་དུས་ཐོག་དང་པོར་དུས་ཚོད་བཀོད་སྒྲིག་བྱས་ནས་སློབ་མ་རྣམས་བདེ་འཇགས་སྒོས་གནས་སྤོར་བྱས་པ་དང་། རས་གུར་མལ་ཁང་ཕུབ་ནས་ནུས་ཤུགས་ཡོད་རྒུས་ས་ཡོམ་རྗེས་ཀྱི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་། དམིགས་བསལ་གྱིས་སློབ་གྲྭ་སོ་སོར་བཟའ་བཅའ་དང་དངོས་ཟོག་མཁོ་འདོན་བྱས།

  དུས་མཚུངས་སུ་གནོད་ཁུལ་ལ་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་གློག་དྲའི་མཚོ་སྔོན་གློག་ཤུགས་ཀུང་སིས་མི་སྣ་དང་དངོས་ཟོག་སྒྲིག་འཛུགས་བྱས་ནས་གསར་དུ་ཕུབ་པའི“རས་གུར་སློབ་ཁང”དུ་གློག་འཐེན། ཟླ5པའི་ཚེས23ཉིན་གྱི་ཆུ་ཚོད18ཀྱི་སྟེང་གློག་འཐེན་པའི་ལས་དོན་ཡོངས་སུ་གྲུབ་ནས། གནོད་ཁུལ་གྱི་སློབ་མར་བློ་བདེ་བའི་ངང་སློབ་སྦྱོང་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན།

  གསར་འགོད་པས“རས་གུར་སློབ་གྲྭ”དེ་སློབ་སྦྱོང་ཁུལ་དང་འཚོ་བའི་ཁུལ་གཉིས་སུ་དབྱེ་ཡོད་པ་དང་། སློབ་མའི་མལ་ཁང་དང་དགེ་རྒན་གྱི་ཟ་ཁང་། སློབ་མའི་ཟ་ཁང་། ལུས་རྩལ་ར་བ་དང་སྤོ་ལོ་ར་བ་སོགས་གང་མཁོ་ཅི་ཡོད་དུ་འཛོམས་པ་མཐོང་ལ། སློབ་ཁང་ནང་དུ་གློག་དྲོད་སྒྲིག་ཆས་དང་གློག་ཞུ། སྟབས་བདེའི་ཁྲིད་སྟེགས་དང་ནག་པང་ཡོད་པས་དགེ་རྒན་དང་སློབ་མ་ཚོའི་རྒྱུན་ལྡན་གྱི་སློབ་སྦྱོང་དང་ལས་སྒྲུབ། འཚོ་བ་སོགས་ཀྱི་དགོས་མཁོ་སྐོང་ཐུབ།

  གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཡོམ་བྱུང་རྗེས། རྫོང་སློབ་གསོ་སྡེ་ཁག་གིས་གནོད་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་དང་། ལས་ཁུངས་དང་སྡེ་ཁག་སོ་སོ། སྤྱི་ཚོགས་ཀྱི་སྡེ་ཁག་སོ་སོའི་རྒྱབ་སྐྱོར་འོག ཚེས22ཉིན་དང་ཚེས23ཉིན་གཉིས་རིང་རྫོང་མཁར་དང་རྨ་ཆུ་ཤང་སོགས་སུ་རས་གུར184ཕུབ་ནས་ཁྱོན་ཡོངས་ནས་སློབ་ཁྲིད་སླར་གསོ་བྱེད་པར་སྔོན་འགྲོའི་གྲ་སྒྲིག་བྱས། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།