ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

“མཚེའུ་སྟོང་གི་རྫོང”ཁོངས་ཀྱི་མཛེས་སྡུག་ནི་སྔར་བཞིན་ཡིད་དུ་འོང་།——གནོད་ཐེབས་རྗེས་སུ་རྨ་ཆུའི་མགོ་ཁུངས་ཀྱི་མཐོང་ཐོས།

སྤེལ་དུས། 2021-05-28 14:51:23  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཀློག་གྲངས།

  རི་ཀླུང་མཛེས་ལ་མཚེའུ་དྭངས། སྲོག་ཆགས་ལྷོད་ཀྱིས་རྒྱུ་ཞིང་ངང་གིས་རྩེན།མཚོ་སྔོན་རྨ་སྟོད་ཀྱི5.22ས་འགུལ་བྱུང་རྗེས། གསར་འགོད་པ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཁུལ་དུ་བསྐྱོད་པ་ན། རྨ་ཆུའི་མགོ་ཁུངས་ཀྱི་མཛེས་སྡུག་ནི་སྔར་བཞིན་ཡིད་དུ་འོང་།

1.jpg

  འདི་ནི་ཟླ5པའི་ཚེས25ཉིན་པར་བླངས་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཁུལ་གྱི་མཚོ་སྔོ་རེངས་རེད།

  རྨ་ཆུའི་མགོ་ཁུངས་སུ་ཆགས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཆ་སྙོམས་ཀྱི་ས་བབ་ནི་སྨི4200ཡིན་པ་དང་། མངའ་ཁོངས་སུ་ཆུ་བོ་དང་མཚེའུ་མང་བས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཁུལ་གྱི་ལྟེ་བའི་ས་ཁོངས་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་འགོག་རགས་གལ་ཆེན་ཡིན་ཞིང་། རྨ་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ་དང་མཚེའུ་སྟོང་གི་རྫོང་ཞེས་པའི་མཚན་སྙན་ཡོད།

  ཟླ5པའི་ཚེས25ཉིན། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་ནས་ལམ་ལ་ཆས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་ཀྱི་ལྟེ་བའི་ཁུལ་དུ་བསྐྱོད།

  མུ་འབྲེལ་གྱི་རི་ཀླུང་དང་མཐའ་ཡས་པའི་རྩྭ་ཐང་ནི་དབྱར་མགོའི་དྲོད་འཁོལ་གྱིས་ལྗང་མདོག་གི་མྱུ་གུ་འབུས་ཡོད། རྨ་ཆུའི་མགོ་ཁུངས་ཀྱི་གཅེན་གཅུང་མཚེའུ་རུ་འབོད་པའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱང་མཛེས་བས་ཀུན་ནས་སྤྲས་ཏེ། རྨ་ཆུའི་མགོ་ཁུངས་འདིར་ཕྲ་བཏབ་པའི་མར་གད་ཞིག་དང་མཚུངས། མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་པའི་ཆུ་བྱ་དེ་དག་གིས་སྔོ་ལྗང་གི་རྩྭ་ཐང་འདིར་གསོན་ཤུགས་གསར་བ་ཞིག་བསྣན་ཡོད།

2.jpg

  པར་འདི་ནི་ཟླ5པའི་ཚེས25ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་སུ་ཡོད་པའི་དགོ་བ་ཞིག་རེད།

  ལམ་བར་དུ། ཁྱུ་དང་ཁྱུ་བྱས་པའི་རྐྱང་དང་དགོ་བ་དག་ནི་རྩྭ་ཐང་སྟེང་བག་ཡངས་སུ་རྒྱུ་བཞིན་ཅི་དགར་ངང་ཟས་ལ་རོལ་བཞིན་ཡོད་ལ། གློག་སྡོང་སྟེང་གཟན་ལ་རྔམ་བཞིན་པའི་བྱེའུ་ཁྲ་དེས་གློ་བུར་ཏུ་ཨ་བྲ་ཞིག་བཟུང་། གཟན་འཚོལ་བཞིན་པའི་ཝ་དེ་ཡང་དལ་དལ་ལྷོད་ལྷོད་ཀྱིས་བསྐྱོད་བཞིན་ཡོད།

  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱིི་གླིང་རྨ་ཆུའི་མགོ་ཁུངས་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་གཉེར་ཧྲུའུ་ཅི་གཞོན་པའམ་ཆེད་གཉེར་ཀྲུའུ་རེན་གཞོན་པ་ཀན་ཞུའེ་པིན་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱས་པའི་ཚུན་ལ། སྐྱེ་ཁམས་སྲུང་སྐྱོང་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་སོང་ཞིང་། རྨ་ཆུའི་མགོ་ཁུངས་ཀྱི་སྔོ་ཤུན་ཁྱབ་ཚད་དང་བརླན་སའི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆེར་སོང་སྟེ། རྨ་སྟོད་ཀྱི་མཚེའུ་སྟོང་གི་རྫོང་གི་མཚར་སྡུག་སླར་ཡང་མངོན་ལ། རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ཡུལ་གྱི་ཁོར་ཡུག་ལ་དངོས་གནས་ལེགས་བཅོས་བྱུང་བས་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་ཕུན་སུམ་ཚོགས་པོར་གྱུར།

3.jpg

  པར་འདི་ནི་ཟླ5པའི་ཚེས25ཉིན། རྐྱང་ཁྱུ་ཞིག་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་པའི་ཚུལ་རེད།

  མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་བརྟག་བཤེར་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ཏི་ཞའོ་ཡན་གྱིས་བཤད་རྒྱུར། ཚེས24ཉིན་བར་དུ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཉེ་འཁོར་གྱི་གྲོང་ཁྱེར་དང་ཁུལ་དུ་ས་འགུལ་གྱི་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་ཅི་ཡང་བྱུང་མེད་ལ། སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་གནས་བརྟན་འཇགས་ཡིན་པ་རེད། དུས་མཚུངས་སུ། རྨ་ཆུའི་བཞུར་རྒྱུད་ཀྱི་ཐང་ནག་བཅད་ངོས་ཀྱི་ཆུ་སྤུས་རང་འགུལ་བརྟག་བཤེར་ཚད་ལེན་ས་ཚིགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཆུ་སྤུས་ལེགས་པོ་རྒྱུད་འཛིན་བྱས་ཡོད་ཟེར།

  ང་ཚོས་ད་ལྟ་ཧུར་བརྩོན་གྱིས་གནོད་ཐེབས་གནས་ཚུལ་ལ་རྩད་གཅོད་ཞིབ་བཤེར་དང་གནོད་ཐེབས་སྡོད་ཁང་གི་ཚད་ལེན། མངོན་མེད་རྐྱེན་ངན་རྩད་ཞིབ། བསྐྱར་བྱུང་གནོད་སྐྱོན་སྔོན་འགོག་སོགས་ཀྱི་བྱ་བ་སྤེལ་བཞིན་ཡོད་པས། ཤུགས་ཆེན་པོས་རྨ་ཆུའི་མགོ་ཁུངས་ལ་སྲུང་སྐྱོང་གང་ལེགས་བྱེད་ངེས་ཡིན་ཞེས་ཀན་ཞུའེ་པིན་གྱིས་བཤད། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།